ᨌ།།མཛའ་མཐུན་དགེ་རྩ་ཚོགས་པས་སྐུ་ཉིད་ཕེབས་པར་ཟོལ་མེད་རྣམ་དག་གིས་དགའ་བསུ་ཞུ།།


ཚོགས་པ་ངོ་སྤྲོད།


མཛའ་མཐུན་དགེ་རྩ་ཚོགས་པ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་ནས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་དམངས་སྲིད་ཅུའུ་ནས་ཆོག་མཆན་ཐོབ་པ་བརྒྱུད་དེ་ཉིས་སྟོང་བརྒྱད་ལོའི་ཟླ་བཅུ་བའི་ཚེས་བདུན་ཉིན་ལ་དངོས་སུ་བཙུགས་པའི་རྒྱལ་གཉེར་དང་ཁེ་གཉེར་སོགས་གང་ལའང་མི་གཞོལ་པར།ཚོགས་མི་ལྔ་བཅུ་དང་ཚོགས་གཙོ་གཉིས།རྒྱུན་ལས་ཚོགས་མི་བཞི།ས་གནས་སྲིད་གཞུང་གི་བློ་འདྲི་བ་བཞི་བཅས་ཀྱིས་གྲུབ་པའི་ཚོགས་པ་ཞིག་ཡིན།ཚོགས་པ་རང་ངོས་ནས་རྒྱལ་ཁབ་ཕྱི་ནང་གི་སྦྱིན་བདག་ཁག་དང་ཐེབས་རྩ་ཚོགས་པ་གཞན་དག་ལ་རང་ནུས་ཅི་ལྕོགས་ཀྱིས་མཛའ་མཐུན་གསེར་ཟམ་བཙུགས་ཏེ་མང་རྫོང་ས་གནས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་དང་།དབུལ་ཕོངས་སློབ་མར་རོགས་དངུལ་བསྐྱི་བ།རྨང་གཞིའི་སློབ་གསོ་ལེགས་བསྒྱུར་བྱེད་པ།དབྱར་དགུན་གནང་གི་སྐབས་སུ་ས་གནས་ཁག་གི་སློབ་གྲྭ་སོ་སོར་གསབ་སྦྱོང་འཛིན་གྲྭ་སྒྲུབ་པ།སློབ་གསོའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ།ཞིང་གྲོང་འཛུགས་བསྐྲུན་གོང་དུ་སྤེལ་བ།བདེ་ཐང་འཕྲོད་བསྟེན་དོ་དམ་བྱེད་པ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ།གཞན་ད་དུང་།ཁེ་ལས་དང་རང་མོས་རོགས་སྐྱོར་ཚོགས་པ་གཞན་དང་འབྲེལ་ལམ་བརྒྱུད་དེ།དངོས་པོའི་རིག་གནས་དང་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ལ་མྱུར་སྐྱོབ་གང་ལེགས་བྱེད་པ་བཅས་ཀྱི་ཐད་ལ་ཡར་སྐུལ་དང་རོགས་སྐྱོར་གང་མང་བགྱི་བཞིན་པའི་ཚོགས་པ་ཞིག་ཡིན།ང་ཚོས་གོང་གསལ་གྱི་ལས་གཞི་དེ་དག་སྒྲུབ་ཀྱིན་ཡོད་ལ།རྗེས་ཕྱོགས་སུ་ཡང་ད་ལྟའི་རྨང་གཞི་དང་ཉམས་མྱོང་སྔར་ལས་རྒྱ་བསྐྱེད་དེ་བཟང་ཐོག་བཟང་བརྩེགས་ཀྱིས་ལས་གཞི་མང་པོ་ཞིག་སྤེལ་རྒྱུ་དང་ཚུལ་མཐུན་གྱི་ཞབས་ཞུ་བསྒྲུབ་རྒྱུ་སྟེ་རོགས་སྐྱོར་གྱི་སྤུས་ཚད་སྔར་ལས་ལྷག་པའི་ཚད་མཐོན་པོར་བསླེབ་པ་ལ་སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་ནས་དུས་ཀུན་ཏུ་ཚོགས་པ་འདིའི་འོས་འགན་ཉག་གཅིག་ཏུ་འཁུམས་སོ།།


དམིགས་ཡུལ།
ངེད་ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་མཚོ་སྔོན་དབུས་ཤར་ས་ཁུལ་གྱི་དབུལ་ཕོངས་མང་ཚོགས་ཀྱི་འབྱུང་འགྱུར་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ།
འགན་འཁྲི།
ཚོགས་པའི་འགན་འཁྲི་གཙོ་བོ་ནི་དབུལ་ཕོངས་ས་ཆའི་དངོས་ཡོད་དགོས་མཁོ་ལྟར་རྣམ་གྲངས་ལྔར་སྒོས་ལས་གཞི་གང་མང་སྤེལ་རྒྱུ་དེ་ཡིན།


རྨང་གཞིའི་སློབ་གསོ་མཐོར་འདེགས།
ཞིང་གྲོང་འཛུགས་བསྐྲུན་གོང་སྤེལ།
བདེ་ཐང་འཕྲོད་བསྟེན་དོ་དམ།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ།
རིག་གནས་ཤུལ་བཞག་མྱུར་སྐྱོབ།


ང་ཚོས་གཤམ་གྱི་ཐབས་ཤེས་དག་ལ་བརྟེན་ནས་ཚོགས་པའི་དམིགས་འབེན་འགྲུབ་པར་ཡིད་ཆེས་བརྟན་པོའི་སྒོ་ནས།
མང་ཚོགས་ཀྱི་འཚོ་བར་དངོས་ཞུགས་བྱས་ཏེ་ས་གནས་དེ་གའི་འབྲེལ་ཡོད་གནས་ཚུལ་ཡོངས་ལ་རྒྱུས་ལོན་བྱེད་པ།
གང་ནུས་ཅི་ཐུབ་ཀྱིས་རོགས་སྐྱོར་ཚོགས་པ་གཞན་དང་།སྦྱིན་བདག་དང་རང་མོས་ཚོགས་ཞུགས་མི་སྣ་སོགས་ལ་འབྲེལ་ལམ་བརྒྱུད་དེ་ལས་གཞིའི་འཆར་འགོད་གསར་བ་སྣེ་འཁྲིད་བྱེད་པ།
ས་གནས་མང་ཚོགས་ཀྱི་ནུས་པ་སྔོག་འདོན་བྱེད་པ།
ས་གནས་ཚོགས་པ་གཞན་དང་མཉམ་འབྲེལ་བྱས་ནས་ཉམས་མྱོང་དང་གྲུབ་འབྲས་བརྗེ་རེས་བྱེད་པ།


མང་རྫོང་ས་ཁུལ་དུ་འཛུགས་དགོས་པའི་རྒྱུ་རྐྱེན།
མང་རྫོང་ནི་ཞིང་ལས་གཙོ་གཉེར་གྱི་ཞང་གསུམ་དང་ཕྱུགས་ལས་གཙོ་གཉེར་གྱི་ཞང་གསུམ་སྟེ་ཁྱོན་ཞང་དྲུག་གིས་གྲུབ་ཡོད།སྡེ་བ་དོན་གསུམ་ཡོད་ཅིང་དེའི་དཔལ་འབྱོར་གྱི་ཐོན་འབབ་གཙོ་བོ་ནི་ཞིང་ཕྱུགས་ལས་རིགས་གཉིས་ཡིན།རྫོང་ཡོངས་ལ་མི་གྲངས་༦༨༠༠༠ལྷག་ཡོད་ལ།བོད་མིས་བརྒྱ་ཆའི་༧༢ཟིན་ཅིང་།ཆ་སྙོམས་མཐོ་ཚད་ལ་མཚོ་ངོས་ལས་སྨི་སུམ་སྟོང་བརྒྱ་དང་།ཡུལ་འདིའི་འབྲོག་པ་མང་ཚོགས་ཀྱིས་རྟ་ནོར་་ལུག་གསུམ་གྱི་འབྲོག་ལས་གཙོར་གཉེར་བྱེད་ཀྱིན་མཆིས་ཤིང་།ཞིང་བ་རྣམས་ཀྱིས་གྲོ་ནས་སྲན་གསུམ་དང་ཞོག་ཁོག་སོགས་རྨོ་འདེབས་ཀྱི་ཐོན་སྐྱེད་གཙོ་བོར་གཉེར་ནས་འཚོ་བ་རོལ་པ།ཡིན་ནའང་།རྫོང་འདིའི་མངའ་ཁོངས་སུ་གཞི་ཁྱོན་ཆེ་བའི་བྱེ་ཕུང་ཞིག་གིས་ས་རྒྱ་ཆེན་པོ་ཞིག་ཁེབས་པ་དང་།ལོ་རེར་བཅད་བཟུང་ས་རྒྱ་ཇེ་ཆེར་འགྲོ་བཞིན་པའི་སྣང་ཚུལ་མི་ལེགས་པ་དང་འབྲེལ།ཡུལ་སྡེ་འདིའི་འབྲོག་པ་མང་ཚོགས་ཀྱི་སློབ་གསོ་དང་།གཞི་རྩའི་འཕྲོད་བསྟེན།དཔལ་འབྱོར་ཐོན་འབབ་སོགས་ཤིན་ཏུ་རྗེས་ལུས་ཀྱི་གནས་སུ་གྱུར་ཡོད་པ་དང་།གཞན་ད་དུང་རྫོང་འདིའི་ས་ཁུལ་ཁ་ཤས་ཤིག་ཏུ་མི་ཕྱུགས་གཉིས་ལ་འཐུང་ཆུའི་མི་འདང་བའི་གནད་དོན་ཚབས་ཆེ་བར་མངོན་འདུག


ཚོགས་གཙོ་སྙིང་ལྕགས་རྒྱལ།
མཛའ་མཐུན་དགེ་རྩ་ཚོགས་པའི་ཚོགས་གཙོ་སྙིང་ལྕགས་རྒྱལ་ལགས་མང་རྫོང་རང་ས་གནས་ཀྱི་བོད་མི་ཞིག་ཡིན་ཞིང་།མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན།ཁོ་བོས་སློབ་མའི་དུས་སུ་མང་རྫོང་ས་ཆའི་དབུལ་ཕོངས་ཁྱིམ་ཚང་དང་མི་སྒེར།འཕྲོད་བསྟེན།སློབ་གསོ་སོགས་ཕྱོགས་མང་པོའི་རྗེས་ལུས་ཀྱི་རྣམ་པར་དམིགས་ནས་རོགས་སྐྱོར་ལས་གཞི་གང་མང་ཞིག་བསྒྲུབས་ཏེ་ལེགས་འགྲུབ་བྱུང་ཡོད་པ་དང་།དེ་འབྲེལ་འདིའི་ཐད་ཀྱི་ཉམས་མྱོང་དང་འཇོན་ཐང་ཡང་མི་དམན་པ་ཞིག་ལྡན་ཞིང་།ས་གནས་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་དང་དཔལ་འབྱོར་ཐོན་འབབ།སློབ་གསོའི་གནས་བབ་སོགས་ལའང་རྒྱུས་མངའ་ཧ་ཅང་ཆེ།
གློག་རྡུལ་ཡིག་ཟམ། nangchukja@friendshipcharity.org
འབྲེལ་གཏུགས་ཁ་པར་ཨང་གྲངས། 150 0971 5285


ཚོགས་གཙོ་གཞོན་པ་ཁ་བ་རྣམ་རྒྱལ།
མཛའ་མཐུན་དགེ་རྩ་ཚོགས་པའི་ཚོགས་གཙོ་གཞོན་པ་ཁ་བ་རྣམ་རྒྱལ་ལམ་བུན་ཁྲང་རྒྱལ་ལགས་མང་རྫོང་རང་ས་གནས་ཀྱི་བོད་མི་ཞིག་ཡིན།མིག་སྔར་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་ནས་དབྱིན་ཇིའི་སྐད་ཡིག་འཆད་ཁྲིད་གནང་བཞིན་པའི་དགེ་རྒན་ཞིག་ཡིན།འདས་པའི་ལོ་ཁ་ཤས་ཀྱི་སྔོན་དུ།ཁོ་རང་ཡ་ཏྰན་སློབ་གྲྭ་ཆེན་མོ་ནས་སྤྱི་ཚོགས་རིག་པ་དང་མིའི་རིག་པའི་རབ་འབྱམས་ཀྱི་རྒྱལ་སྤྱིའི་ཕྱི་འགྲིམ་སློབ་མའི་ཐོབ་ཐང་བླངས་ཏེ།ཞིབ་འཇུག་གི་རྒྱབ་ལྗོངས་ཕུན་སུམ་ཚོགས་པ་མཆིས།
གློག་རྡུལ་ཡིག་ཟམ། kawa@friendshipcharity.org
འབྲེལ་གཏུགས་ཁ་པར་ཨང་གྲངས། (+86) 138 9734 2404


ལས་གཞིའི་དོ་དམ་པ་རྣམ་རྒྱལ་ཚེ་རིང་།
མཛའ་མཐུན་དགེ་རྩ་ཚོགས་པའི་ལས་གཞིའི་དོ་དམ་པ་རྣམ་རྒྱལ་ཚེ་རིང་ནི་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་བོད་དབྱིན་འཛིན་གྲྭའི་མཐར་ཕྱིན་སློབ་མ་ཞིག་ཡིན།ཚོགས་གཙོ་རྣམ་གཉིས་གཙོས་པའི་ལས་གྲོགས་རྣམས་དང་མཉམ་དུ་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཚོ་སྔོན་དབུས་ཤར་ས་ཁུལ་ལ་གཞན་ཕན་གྱི་ལས་གཞི་མང་དུ་སྤེལ་བར་མཆིས།ཚོགས་པ་འདིར་ཞུགས་ནས་ཁོས་བོད་རྒྱ་དབྱིན་གསུམ་གྱི་ཡིག་སྒྱུར་བྱ་བ་དང་།ལས་གཞིའི་འཆར་འགོད་འབྲི་བ་སོགས་ལ་རང་ནུས་ཅི་ལྕོགས་ཀྱིས་འབད་འབུང་སྐྱེད་བཞིན་ཡོད།
གློག་རྡུལ་ཡིག་ཟམ། namjay@friendshipcharity.org
འབྲེལ་གཏུགས་ཁ་པར་ཨང་གྲངས། (+86) 158 0971 4064


ᨌ།།མཛའ་མཐུན་འོ་མའི་རྒྱུན་གྱིས་ལེགས་དྲངས་པས།།
དགེ་རྩའི་ངོ་བོའི་བྱ་གཞག་དཀར་བའི་མདངས།།
ཐོབ་འདོད་ཅན་གྱི་རེ་བའི་འཛུམ་ཟེར་དེ།།
ཚོགས་པ་གང་དེ་ལས་གཞིའི་ཤུགས་ན་མཛེས།།







Friendship Charity Association. © 2012 All rights reserved. Bookmark and Share